
གུས་ཤིང་བརྩེ་བའི་སྤུན་ཟླ་འགྱུར་མེད་བསྟན་འཛིན་ལགས་སུ་ཆེད་ཞུ།
ཐོག་མར་གུས་པའི་ཁྱོད་ལ་ཞུ་འདོད་པ་ནི་དགོངས་དག་ཞུ་བཞིན་ཡོད་ལགས། གང་ལ་ཟེར་ན་ཕྲན་འདིར་ཨོ་སི་ཁྲུ་ལི་ཡར་འབྱོར་ཏེ་ཟླ་ངོ་གསུམ་ཙམ་ཟིན་བཞིནཡོད་ཀྱང་ཕྲན་གྱིས་ཁྱོད་ལ་བརྒྱུད་ལམ་གང་གི་ཐོག་ནས་འབྲེལ་བ་ཙམ་ཞུ་ཐུབ་མེད་པར་དགོངས་དག་ཞུ།
དེ་ནས་ཕན་ཚུན་མ་ཐུག་ཏོག་ཙམ་འགོར་བའི་རིང་ལ་ཁྱོད་ཀྱིས་གསེར་མདོག་གི་སྒྲོན་མེ) ཞེས་པའི་བརྙན་སྡེར་རམ་འོད་སྡེར་གསར་པ་ཞིག་གསར་སྤེལ་བྱེད་ཐུབ་ཡོད་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་བཞིན་ཡོད། སྤྱིར་གླུ་གཞས་ཆེད་སྒྲིག་འོད་སྡེར་ཞིག་འགྲེམས་སྤེལ་བྱེད་དགོས་པ་དེ་ལས་སླ་བོ་ཞིག་གཏན་ནས་མིན་མོད། དཔེར་ན། རང་གཞན་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ལྡན་པའི་ཐོག གླུ་གཞས་ལ་སྤྲོ་བ་ལྡན་པ། རིག་པ་གསལ་ཞིང་ངག་འགྲོས་ཡངས་པ། གསར་གཏོད་ལན་བཟློས་ཇི་དགོས་ལ་མཁས་པ། སྤྱི་ཚོགས་འགྱུར་འགྲོས་ཀྱི་གོམ་ཁར་ཕྱོགས་ཐག་ཉེ་བ་དང་རྒྱུ་འབྱོར་གྱི་མཁོ་མྱུར་བ་སོགས་སྒོ་གང་ཐན་ནས་ཐོས་ཤོར་དང་ཆད་ལུས་མེད་པ་ཞིག་བྱེད་དགོས་དུས་དཀའ་ལས་དང་སྦྱང་བསྡུར་ལན་མང་བྱེད་དགོས་པ་སོགས་མདོར་ན་གཞས་འཁོར་འོད་སྡེ་དེ་ཉིད་དངོས་སུ་སྤྱི་ཚོགས་ལ་བཀྲམ་ཏེ་ལེགས་ཉེས་ཇི་བྱུང་གི་གྲུབ་འབྲས་མ་སོན་བར་དུ་དཀའ་ངལ་མང་པོ་ཞིག་ཡོད་པ་ཆོས་ཉིད་རེད།
འོན་ཀྱང་། སྤུན་ཟླ་ཁྱོད་ཀྱིས་དུས་ཚོད་ཐུང་ཐུང་ཞིག་གི་ནང་གཞས་འཁོར་གསར་པ་ཞིག་སྤྱི་ཚོགས ཐོག་འགྲེམས་སྤེལ་ཐུབ་པ་ནི་དངོས་གནས་བསྔགས་བརྗོད་འོས་པ་ཞིག་རེད་ལ་རང་ཉིད་བོད་པའི་སྤྱི་ཚོགས་འདིར་སྐྱེས་པའི་གསར་སྐྱེས་ལོ་ཆུང་ཞིག་གི་ངོས་ནས་བོད་མི་རིགས་ཀྱི་སྐད་ཡིག་ཉམས་ཆགས་སུ་གྱུར་བཞིན་པའི་སྐབས་འདིར་བོད་མིའི་སྐད་དང་ཡི་གེར་ཞབས་འདེགས་བཟང་པོ་ཞིག་བསྒྲུབས་པའི་མཚོན་དོན་ཀྱང་ཡིན་སྙམ་ལ་འབྱུང་གྱུར་ཡང་མི་མཐུད་ནས་དེ་འབྲེལ་གྱི་བྱ་བ་བཟང་པོ་རེ་སྒྲུབ་ལ་ཅི་ནས་ཀྱང་འབད་བརྩོན་གནང་རོགས་ཞེས་ཕྲན་གྱིས་སྙིང་དབུས་ནས་རེ་བ་ཞུ་བཞིན་ཡོད་སྤུན་ཟླ་ལགས།
ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སེཌ་ལྷོ་བྱང་གསར་མ་རུ་གནས་པ་ཕྲན་སེར་ཤུལ་དཀོན་མཆོག་གིས།
་ ཕྱི་ལོ་ 2010་ཟླ་ 10 ཚེས་ 18 ཉིན་ཕུལ། བཀྲིས་བདེ་ལེགས་ཞུ།
No comments:
Post a Comment
དུས་ཀུན་རང་ཉིད་བོད་མི་ཞིག་ཡིན་པ་དྲན་གསོ་བྱེད་པ་ལས་རང་ཉིད་ལ་འཕྲད་པའི་འགན་དེ་ནམ་ཡང་སེམས་སུ་འཛིན་དགོས།