༼ད་ལྟའི་བོད་བྱེས་གྱར་སྤྱི་ཚོགས་ཀྱི་གཞིས་ཆགས་བོད་མི་ཚོར་ལྟ་བ།༽
ད་ལྟའི་གནས་བབ་ནས་མ་འོངས་པའི་བོད་མི་རིགས་ཀྱི་མདུན་ལྗོངས་ལ་བསམ་གཞིགས་ཤིག་བྱས་ཚེ་ཚོད་ཚོད་ལ་དབུགས་ཀྱང་གཏོང་ལེན་དཀའ་བའི་དངངས་སྐྲག་གི་ཚོར་བ་ཞིག་སྐྱེས་འོང་སྟེ། དེ་ནི་ད་ལྟའི་ཁ་ཆག་སྣ་རལ་དུ་ཕྱིན་དང་འགྲོ་བཞིན་པའི་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་།ཡུལ་སྲོལ་གོམས་གཤིས།ཆོས་རིག་ལེགས་བྱང་སོགས་འབྱུང་འགྱུར་གྱི་ལོ་ཟླ་ངེས་ཅན་ཞིག་གི་ནང་འདི་ལས་ཀྱང་ཚད་དམའ་བའི་གནས་རིམ་ཞིག་ཏུ་ལྷག་འགྲོ་བར་འདོད་པའི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ལྟ་བུ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་བས་རེད། ངས་འདི་ལྟར་བཤད་པ་ནི་ང་བོད་མི་རིགས་ལ་རེ་བ་གཏན་ཆད་དུ་སོང་བས་མ་ཡིན་པར།ངའི་འདྲེན་བྱེད་མིག་གི་ཡུལ་ན་གོམས་གཤིས་ཡ་མ་བརླ་དང་།སྐད་ཆ་ར་མ་ལུག་ལྟ་བུ་ཞིག་འཛིན་ཞིང་སྐྱོང་བཞིན་པའི་ད་ལྟའི་འུ་ཚོའི་གཞིས་ཆགས་བོད་མི་འདི་ཚོ་དང་། ཁོ་ཚོའི་སྒོ་ཁྱིམ་ཕྱི་ནང་ན་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་བོད་ཕྲུག་འདི་དག་གི་ནང་བསམ་བློའི་འཁྱེར་སོ་དང་ཕྱིའི་འགྲོ་འདུག་སྤྱོད་སྟངས་ཀྱིས་ང་ལ་སྔ་ཕྱིར་ཡིད་མུག་མུག་གི་ཚོར་བ་འདི་ལྟ་བུ་རེ་བསམ་དབང་དྲན་དབང་མེད་པར་སྐྱེས་སུ་བཅུག
གབ་སྦས་འཛེམ་དོགས་མེད་པར་སྐད་ཆ་གསོང་བོར་བཤད་ན།འུ་ཚོའི་བོད་མི་རིགས་འདི་ད་ལྟའི་གཞིས་ཆགས་བོད་མི་འདི་ཚོ་ཁོ་ནར་རེ་ཞིང་ལྟ་དགོས་ཚེ་གཞར་ཡང་བོད་མི་རིགས་གསོན་ལམ་ནས་ཚེ་སྲོག་རྒྱས་པའི་ནམ་ཟླ་ཞིག་འབྱུང་མི་སྲིད་ལ། དེ་ལས་ལྡོག་སྟེ་བོད་མི་རིགས་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་།ཡུལ་སྲོལ་གོམས་གཤིས།ལྟ་སྤྱོད་འགྲོ་འདུག་ཐམས་ཅད་མགོ་རྟིང་སློག་པའི་ལམ་ངན་ཞིག་ཏུ་མི་འཁྲིད་པའི་ངེས་པ་གཏན་ནས་མེད། འདི་ནི་དོན་མེད་སྒྲོ་འདོགས་བྱསཔ་མིན་ལ། མ་བརྟག་འོལ་ཚོད་བྱས་པའང་མིན་པར་ང་ལོ་ངོ་ཧྲིལ་བོ་དགུའི་རིང་ལྷོ་མཐའི་གཞིས་ཆགས་བོད་མི་ཚོ་དང་འདྲིས་གཤིབ་ཀྱིས་འཚོས་ཤིང་།ངའི་ཆུ་བུར་མིག་གིས་ཁོ་ཚོའི་མགོ་རྐང་ལུས་གསུམ་ལ་ཞིབ་ཅིང་དཔྱད་པའི་གྲུབ་དོན་ལྟར་སྡོམ་བརྒྱབ་ཏེ་སྨྲ་བ་ཡིན།
ངའི་སྐད་ཆ་འདིར་ཅུང་ཐལ་ཆེ་བའི་རྣམ་པ་ཡོད་ཀྱང་སྲིད་མོད།འོན་ཀྱང་ངས་དེ་ལྟར་མཐོང་ཞིང་འདི་ལྟར་འདོད་པའི་གནས་ལུགས་དང་རྒྱུ་མཚན་རེ་རེ་བཞིན་བགྲང་དུ་ཡོད་པས་འགལ་ཆ་དེ་ཙམ་མེད་པར་སྙམ། ཡང་ང་ཚོས་གཞིས་ཆགས་བོད་མི་འདི་ཚོར་བོད་མི་རིགས་དགོས་ཀྱིན་མི་འདུག་ཅེས་སྡོམ་བརྒྱབ་ན་ཏག་ཏག་འོས་མིན་མི་ཤེས་ཀྱང་།བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་བསམ་བློའི་འཐབ་ར་མེད་པ་ཁ་གཅིག་ཆོད་ཀྱིས་སྨྲ་ཐུབ། དཔེར་ན།ལོ་ངོ་འདི་དག་གི་རིང་གཞིས་ཆགས་བོད་མི་འདི་ཚོའི་ནང་དུ་རང་གི་བུ་ཕྲུག་གི་བསམ་བློའི་སློབ་གསོ་ལ་འགན་འཁུར་མཐའ་འཁྱོངས་གནང་སྟེ་རང་གི་བུ་ཕྲུག་བོད་ཕྲུག་ཡང་དག་པ་ཞིག་ཏུ་སྐྱེད་བསྲིངས་བྱས་པའི་ཕ་མ་ག་ཚོད་ཡོད་དམ།
ངའི་གཞི་རྩའི་ལྟ་སྟངས་དང་བསམ་ཕྱོགས་ཡོད་ཚད་ནོར་སོང་བ་མིན་ན།གཞིས་ཆགས་བོད་མི་འདི་ཚོས་རང་ཉིད་ཀྱི་ཁུར་དུ་བོད་མི་རིགས་ཀྱི་ད་ལྟའི་གནས་བབ་ཀྱིས་བཀལ་བའི་བཟློག་མེད་ཀྱི་འགན་འཁྲི་ལྗིད་ཏིག་ཏིག་རེ་ཡོད་པ་ཚོར་མེད་ལ། རང་གི་མགོ་ཐོག་གི་གནམ་སྔོན་པོ་དང་རྐང་འོག་གི་ས་ནག་པོ་འདི་ཡང་བོད་མི་རིགས་ཀྱི་ཕ་ས་གསེར་གཞོང་འདྲ་བོ་དེ་མིན་པར་ཡང་ངེས་ཤེས་བརྟན་པོ་ཞིག་འདྲོངས་ཐུབ་མེད་པར་སྙམ། གོ་ཐོས་སུ་གཞིས་ཆགས་བོད་མི་མང་དག་ཅིག་གིས་རྒྱ་གར་མི་སེར་གྱི་ལག་ཁྱེར་ཞུ་ཡི་ཡོད་ཚུལ་འདུག་ལ། ཚགས་པར་དང་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནས་གཞིས་ཆགས་བོད་མི་ལ་ལ་ཞིག་ཕྱིར་ཕ་ཡུལ་བོད་དུ་ལོག་འདོད་མེད་ཚུལ་ཡང་དངོས་སུ་གོ་ཐོས་བྱུང་།ད་དུང་གཞིས་ཆགས་བོད་མི་ཚོས་གཅིག་ལ་གཅིག་འགྲན་གྱིས་སྡོད་ཁང་འཛུགས་སྐྲུན་དང་དཔལ་འབྱོར་འཚོལ་སྒྲུབ་ཁོ་ནར་ཉིན་མཚན་བསྣོལ་སྡེབ་བྱེད་ཀྱིན་པ་འདི་དག་རེ་རེ་བཞིན་མཐོང་ཐེངས་བསམ་ཐེངས་རེར་ངོ་མ་སྙིང་ན་ཞིང་ཡིད་མུག་པའི་ཤུགས་རིང་རེ་མི་འཐེན་རང་འཐེན་རེད་ལ། འདི་ལྟ་བུའི་སྡུག་སྐད་རེའང་མི་འདོན་རང་འདོན་རེད།
སྐད་ཆ་ཧྲིལ་བོ་མདོར་བསྡུས་ཏེ་བཤད་ན།གཞིས་ཆགས་བོད་མི་ཚོའི་ཁྲོད་ཀྱི་ཕ་མ་མང་ཤོས་ཡིག་རྨོངས་རྭ་བར་ཚུད་པ་བཞིན་དུ་ཁོ་ཚོའི་ཤ་ལས་མཆེད་པའི་བུ་རབས་ཚ་རྒྱུད་ཚོ་ཡང་དེ་ལས་སྡུག་སྟེ། བོད་སྐད་མི་འཁྱོངས་ཤིང་བོད་ཡིག་མི་ཤེས།བོད་དྲི་མི་བྲོ་ཞིང་བོད་གཤིས་མི་མཐོང་བས་ཁོ་ཚོའི་སྟེང་ན་བོད་མི་རིགས་ལ་ཕན་དང་རེ་བའི་ཚུགས་ཀ་ཞིག་སྔོན་དང་ད་ལྟ།ཕྱིས་འབྱུང་གང་དུ་བསམ་ཀྱང་རྙེད་པའི་ཚོད་དུ་མི་འདུག དེ་བས་ང་ཚོས་བོད་མི་རིགས་ཀྱི་འཚོ་གནས་ཧྲིལ་བོ་ཉམས་རྒུད་དུ་འགྲོ་བཞིན་པའི་མཚན་གཞི་ཞིག་བཙལ་དགོས་ན་གཞིས་ཆགས་བོད་མི་འདི་ཚོ་ལས་ལྷག་ཅིག་རྙེད་དུ་མེད་དོ།།
ཤིས་ཚང་ལྗང་མྱུག་གི་ཟིན་བྲིས་ལས་འདྲེན་བཀོད་བྱས།